
༄༅།
།ཟབ་དོན་སྙིང་པོ་འཇིགས་མེད་ཆོས་རྗེའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།
།
སྐྱེ་མེད་ཆོས་སྐུའི་ཞིང་ན་ཀུན་དུ་བཟང༌།
།འགག་མེད་ལོངས་སྐུའི་རོལ་བ་ཞི་ཁྲོའི་ལྷ། །
གཉིས་མེད་རང་བྱུང་མཚོ་སྐྱེས་རྡོ་རྗེ་དང༌། ། དབྱེར་མེད་དྲིན་ཆེན་འཇིགས་མེད་ཆོས་རྗེར་འདུད།
།འདི་ན་བརྒྱུད་གསུམ་བླ་མའི་ཞལ་གྱི་ལུང༌། ། ཚིག་གི་སྤྲོས་པ་དོར་བའི་མན་ངག་འགའ། །
བརྗེད་ངེས་རྐུན་པོས་འཇོམས་པར་ཕངས་བའི་བློས།
། ཡི་གེའི་རིས་སུ་བགྱིད་ལ་བརྩོན་པས་འཇུག
། དེ་ལ་འདིར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་བ་མེད་པ།
དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ། ༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོས་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་ཐེག་མཆོག་རྣམ་གྲོལ་གླིང་དུ།
སྔ་འགྱུར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུས་གཙོའི་འཁོར་འདུས་པ་རྒྱ་མཚོ་ལ་མདོ་སྔགས་ཀྱི་གཞུང་ཆེན་འགའི་བཀའ་ཁྲིད་གནང་སྐབས་འཕྲོས་མོལ་དུ་བསྩལ་བའི་ཞལ་གསུང་མན་ངག་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་མང་དུ་བྱུང་བ་བརྗེད་དུ་ཕངས་ནས་བསྲེ་བསླད་མེད་པར་གོང་འོག་ལེགས་པར་སྡེབས་ཏེ་ཡི་གེའི་རིས་སུ་བགྱིད་པ་ལ།
སྔགས་ཀྱི་བདག་མོ་རྡོ་རྗེ་རལ་གཅིག་མ་དང༌།
སྤྱན་སྟོང་ཅན་དང༌། དམ་ཅན་ཐིག་ལེ་རྩལ་དང༌། རྡོ་རྗེའི་ཆོས་སྐྱོང་ཆེན་པོ་གེ་སར་དགྲ་བླའི་རྒྱལ་པོ་སོགས་ཟབ་གསང་བསྟན་པའི་སྲུང་མ་ཀུན་གྱིས་བཀའི་གནང་བ་བསྩལ་ཞིང་
བློ་ཟེགས་པོར་གནས་པའི་དད་མེད་ལོག་ལྟ་ཅན་གྱིས་ཧབ་ཐོབ་ཀྱིས་ཁྱེར་ཞིང་རྟོག་ཅིང་དཔྱོད་ན་དེ་ཡི་ཙིཏྟའི་དྭངས་མར་རོལ་བའི་མངོན་སྤྱོད་མཛད་དུ་གསོལ་ལོ།
།དེ་ལ་ཐོག་མར་རང་གི་ཕ་ཆོས་གཙང་མ་ངོས་ཟིན་པར་བྱས་ནས་ཉམས་སུ་ལེན་དགོས་ཚུལ་འདི་ལྟར། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་འཕྲད་དཀའ་དགོས་སུ་ཐེག་པ་ཆེན་པོ་དང་འཕྲད་དཀའ།
གལ་ཏེ་འཕྲད་པར་གྱུར་ཀྱང་བློར་མི་ཤོང་བར་སྐུར་བ་འདེབས་པའང་འབྱུང་སྟེ།
དཔེར་ན། དེང་དུས་འཛམ་གླིང་འདིའི་སྒང་ན་གནས་པའི་འབར་མ་དང་ཅན་པུའུ་ཀྲེ་སོགས་དང༌།
རྒྱ་གར་གྱི་ཡུལ་གྲུ་ཕལ་ཆེ་བར་ཐེག་དམན་ཙམ་དར་ན་ཡང་ཐེག་ཆེན་སྟོན་པའི་སློབ་དཔོན་མགོན་པོ་ཀླུ་སྒྲུབ་དང་ཨོ་རྒྱན་ཆེན་པོ་རྣམ་པ་གཉིས་ཀྱང་མིག་ནང་གི་ལིང་ཏོག་ལྟར་བརྩི་བ་ཡང་འདུག་པ་ལྟ་བུ་རེད།
བོད་གངས་ཅན་ལ་མཚོན་ན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་བརྒྱད་པོ་རྡོ་རྗེ་ཐེག་པའི་བསྟན་པར་གནས་པའི་ཕྱིར་ན་ཆེས་འཕྲད་པར་དཀའ།
རྒྱལ་ཁབ་གཞན་དང་བསྡུར་ན་ཧ་ཅང་སྐལ་བ་བཟང༌། དེ་ལས་ཀྱང་སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོ་ནི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་ཡིན།
གསར་མའི་རྒྱུད་སྡེ་རྣམས་ནི་གསེར་བཟང་པོ་བསླད་དང་བྲལ་བ་ལྟ་བུར་འདུག་ཀྱང་ཡིད་བཞིན་དབང་གི་རྒྱལ་པོ་དང་བསྡུར་ན་ཁྱད་པར་ཤིན་ཏུ་ཆེ་བར་སྣང༌།
རང་རེ་རྣམས་ནི་བླ་མ་མཆོག་ཏུ་གྱུར་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་གདུལ་བྱར་གྱུར།
ཟབ་ཆོས་མཆོག་ཏུ་གྱུར་པ་འོད་གསལ་རྫོགས་པ་ཆེན་པོ་དང་འཕྲད་པའི་དུས་འདིར་ཆོས་འདི་ལ་ཐོས་བསམ་སྒོམ་གསུམ་རྒྱ་ཆེན་པོ་ཞིག་དགོས།
རྙིང་མ་པ་ཞེས་པའི་གོ་དོན་ཡང༌། འབུད་རྡུང་དཀྲོལ་གསུམ་རྒྱ་ཆེན་པོ་ཞིག་ཡོད་པ་ལ་ཟེར་བ་ག་ལ་ཡིན།
བྲག་ཕུག་མ་ར་ཏི་ཀ་རུ་ལྷ་ལྕམ་མནྡ་རཱ་བ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་ཀྱིས་སྐྱེ་འཆི་མེད་པའི་ཚེ་དབང་ཐོབ་སྐབས་རྔ་ཆེན་པོ་ཞིག་བརྡུངས།
དུང་རྔམས་ཆེན་ཞིག་བུས།
གཏོར་མ་ཆེན་པོ་ཞིག་བཅས་པ་ཉམས་བཞེས་སུ་མཛད་པར་མ་གསུངས།
སྤྲོས་བཅས་ཀྱི་ཡན་ལག་ཏུ་དེ་དག་བརྒྱུད་པའི་ཕྱག་བཞེས་ལྟར་ཡོད་དགོས་ཀྱང་གཙོ་བོར་ནང་རྒྱུད་སྡེ་གསུམ་དང་ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་ཉམས་སུ་ལེན་མཁན་དེ་གང་དུ་བཞུགས་ཀྱང་རྙིང་མ་པ་ཟེར་བ་ཡིན། དེ་མིན་ལུས་རྙིང་གྲལ་དུ་བསྡད་ཀྱང་རང་ངོ་འཕྲོད་པ་ཕར་ཞོག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་གནད་བསྡུས་པ་ཚིག་དོན་བཅུ་གཅིག་སྟེ།
གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ཡུལ་དང་ལམ་དང་སྒོ།
།ཉམས་ལེན་ཚད་དང་བར་མ་དོ། ། གྲོལ་ས་ཉིད་དང་བཅུ་གཅིག་གོ །
ཞེས་པའི་གྲངས་འདྲེན་ཙམ་ཡང་མི་ཤེས་ན་ང་རྙིང་མ་པ་ཡིན་ཟེར་བ་ཧ་ཅང་ངོ་ཚ།
སྤྱིར་བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ན།
ཇི་སྐད་དུ། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཡོད།
།ཅེས་དང༌། བླ་མ་མི་ཕམ་རིན་པོ་ཆེས།
ཐོས་བསམ་སྦྱངས་པ་རྒྱ་ཆེར་མི་དགོས་པར། ། མན་ངག་ལུགས་ཀྱི་སེམས་ངོ་སྐྱོང་བ་ཡིས། ། གྲོང་སྔགས་ཕལ་མོ་ཆེ་ཞིག་ཚེགས་ཆུང་ངུས།
།རིག་འཛིན་ས་ལ་གཤེགས་ཏེ། །
སོགས་གསུངས་པ་ལྟར་རིག་ངོ་འཕྲོད་པ་ཡོད།
འོད་ཀྱང་དེང་སང་སྙིང་ཐིག་གི་བསྟན་པ་འདི་ཡིད་དཔྱོད་དུ་ལུས་པའི་སྐབས་ཡིན་པ་དང་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཡིན་པས་ཐོས་བསམ་གྱི་སྦྱངས་པ་རྒྱ་ཆེན་པོ་ཞིག་མ་བྱས་ན་རྟོགས་མི་ནུས་ཚུལ་ཀུན་མཁྱེན་ཆེན་པོས་ཚིག་དོན་རིན་པོ་ཆེའི་མཛོད་ལས་གསུངས་པ་གཙོ་གནད་དུ་འཛིན་དགོས།
དེ་ལས་གཞན་དུ་མངོན་མཛོད་ཀྱི་སྐབས་ནས་ཐོབ་པ་ལ་ཐོབ་པ་ཡོད་མེད་བརྩད་ནས་ཐོབ་པས་ནམ་མཁའ་གང་ཐོབ་པའི་དགའ་སྟོན་ཆེན་པོ་ལ་ལྟོས་ཟེར་བ་ལྟ་བུར་དགོས་པ་ཅི་ཞིག་ཡོད།
ཐོབ་པ་ཡོད་མེད་གང་ལྟར་ཀྱང་ཐམས་ཅད་མཁྱེན་པ་ལ་བར་དུ་མི་གཅོད།
ཞིག་པ་དངོས་པོར་འདོད་མི་འདོད་རྩོད་པ་ཡང་དེ་བཞིན་ཡིན།
དེ་བས་ཐམས་ཅད་མཁྱེན་པའི་ཉེ་ལམ་རྫོགས་པ་ཆེན་པོ་འདི་ལ་ཐོས་བསམ་སྒོམ་གསུམ་ཅིའི་ཕྱིར་ན་མི་བྱེད།
གལ་ཆུང་དུ་འཇོག་པ་འོས་མ་ཡིན། དེ་ཡང་ཇི་སྐད་དུ།
དོན་ལ་ངེས་པའི་གདེངས་ཐོབ་ན། །ཐུགས་ནས་ཆོས་གཏེར་འབུམ་ཕྲག་རྡོལ།
།ཞེས་པ་ལྟར་འདི་དོན་རྟོགས་ན་ཆུ་བརྒྱ་ཟམ་འོག་ཏུ་འདུ་བ་ལྟར་ཐེག་པ་མཐའ་དག་ཁོང་དུ་ཆུད་ནུས།
དཔེར་ན། ཀུན་མཁྱེན་རོང་ཀློང་གཉིས་དང་སྨིན་གླིང་ཡབ་སྲས་ལྟ་བུ་ཡིན།
དེང་སང་ཕལ་ཆེ་བས་རྫོགས་ཆེན་ཟེར་བ་དེ་བླ་རྒན་ཅི་ཡང་མི་དགོངས་པ་ཞིག་གིས་སློབ་མ་ཕར་བཤད་ཕར་ལ་མི་གོ་ཚུར་བཤད་ཚུར་ལ་མི་ལོབ་པ་ཞིག་ལ་ཁང་གུད་ཅིག་ནས་ལྐོག་གཏམ་ཞིག་བྱེད་པ་ཙམ་དུ་བཟུང་འདུག་སྟེ།
དེ་ནི་རྐང་ནས་ནོར་བ་ཡིན།
དེས་ན་ཆོས་ཁྱད་པར་ཅན་དང་འཕྲད་པའི་དོན་པོ་ལ་འཆི་ཁ་ཐ་མལ་དུ་མི་ལུས་པ་ཞིག་དགོས།
ནོར་བུའི་གླིང་ནས་སྟོང་ལོག་མིན་པ་ཞིག་གལ་ཆེ།
ཉམས་སུ་བླང་བྱའི་ཆོས་གང་ཡིན་པ་དེ་ཉིད་ཐོས་བསམ་གྱིས་མཐའ་རྒྱ་བཅད་ཅིང་ཁ་ནང་དུ་འགུག་ཤེས་ཙམ་ནས་ཉམས་ལེན་ལ་གཞོལ་དགོས།
ཞེས་བསྐུལ་བ་ཡིན།
དེང་སང་དུས་སྙིགས་མར་གྱུར་ཀྱང་བླ་མ་དང་ཆོས་ཀྱིས་ཕོངས་པ་མི་འདུག་མོད་བླ་མ་བསྟེན་ཚུལ་འདིའི་སྟེང་ནས་འཕུང་འཁྲོལ་རྒྱ་ཆེན་པོ་ཞིག་བསྐྱེད་ཡོང་གིན་འདུག་སྙམ།
དང་པོ་བླ་མ་བརྟག་ལོང་མེད་པར་ཁྱི་ལྟོག་དང་གློ་བ་འཕྲད་པ་བཞིན་མཐོང་ཚད་ཀྱི་མདུན་ནས་ཆོས་ཞུ་ཁུལ་བྱས།
དེ་ནས་ཕར་ལོགས་ཤིག་ཏུ་སོང་ནས་གཟོད་བླ་མ་བརྟགས་ཀྱིན་འདུག
།དེ་ནི་རང་གིས་རང་ཉིད་རྡོ་རྗེ་དམྱལ་བར་འཕེན་པའི་ལས་ཚབས་པོ་ཆེ་བསགས་ཚར་བ་རེད།
རྒྱུད་ལས། གལ་ཏེ་བླ་མ་བསྟེན་ཕན་ཆད། ། ཡོན་ཏན་ལྡན་ནམ་མི་ལྡན་ཡང༌།
།གང་གིས་བླ་མར་མི་འཛིན་ན། ། ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས།
།སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ། ཞེས་གསུངས་ཏེ།
།བླ་མ་བསྟེན་ཕན་ཆད་ཡོན་ཏན་སྣ་གཅིག་མེད་ཀྱང་དག་སྣང་སྦྱངས་ཏེ་མི་མཉེས་པ་གཏན་ནས་བྱེད་མི་རུང༌།
། མཚན་ལྡན་གྱི་བླ་མ་ནི། ། གཞུང་རང་རང་གི་སྐབས་ནས་བཤད་པའི་མཚན་ཉིད་ལྡན་དགོས།
དེ་ཡང་སོ་ཐར་གྱི་སྐབས་ལྟར་ན། སྤྱིར་ལྔ་ཕྲུག་གི་ཡོན་ཏན་ཉི་ཤུ་རྩ་གཅིག་ཏུ་འདུལ་བ་མདོ་རྩར་གསུངས།
།བསྡུ་ན་འདུལ་བ་སུམ་བརྒྱ་པ་ལས།
ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། ། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །
ཆོས་དང་ཟང་ཟིང་ཕན་འདོགས་ཀྱིས་བརྩོན་པ། །
དུས་སུ་འདོམས་པའི་བླ་མ་དེ་ལྟར་བསྔགས། ། ཞེས་སོ། བྱང་སེམས་ཀྱི་སྐབས་སུ།
བླ་མ་སྡོམ་ལ་གནས་ཤིང་མཁས། ། ནུས་དང་ལྡན་ལས་བླང་བར་བྱ།
། ཞེས་དང༌།
བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།
།ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རྟོགས་པར་ལྡན་ལ་སྨྲ་མཁས་ལྡན།
།
བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་སྟེན། ། ཞེས་སོ། །
དེ་བཞིན་དུ་སྔགས་རྡོ་རྗེ་ཐེག་པར།
སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། ། གཉེར་ལྡན་རྒྱུད་དང་ལས་ལ་མཁས།
། མན་ངག་དྲོད་དང་བརྒྱད་འཆང་བ། །
ཞེས་ཡོན་ཏན་བརྒྱད་དང་ལྡན་དགོས་ཚུལ་དང༌།
ཁྱད་པར་དུ་རྫོགས་པ་ཆེན་པོར་ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས།
ཚེ་འདིར་ཞེན་པ་ཆུང་བ།
ཐུགས་རྒྱུད་ལ་རྫོགས་ཆེན་གྱི་ཉམས་ལེན་གྱི་རྟོགས་པ་ཡོད་པ།
སློབ་མ་ལ་རྗེས་སུ་བརྩེ་ཞིང་དྲིས་པའི་ལན་ལྡོན་ཐུབ་པའི་ཡོན་ཏན་དང་ལྡན་དགོས་པར་གསུངས།
དེས་ན་རིག་འཛིན་བླ་མ་བརྒྱུད་པའི་བཀའ་སྲོལ་ལྟར།
དང་པོ་བླ་མ་བརྟགས་ལ་མཁས་པ། བར་དུ་བླ་མ་བསྟེན་ལ་མཁས་པ།
མཐའ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཞིག་ཅིས་ཀྱང་གལ་ཆེའོ།
།དེ་ནས་ཐབས་ལམ་དང་གྲོལ་ལམ་གྱི་སྐབས་སུ་འཕྲོས་མོལ་དུ་གསུང་དོན།
ཐབས་ལམ་ནི་སྔ་འགྱུར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་གསུང་སྟངས་ལྟར་ན།
སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང་འོག་སྒོ་ཁམས་གསུམ་རོལ་བའི་མན་ངག་གཉིས་སུ་གསུངས།
དེ་ཡང་གསང་འགྲེལ་གྱི་སྐབས་ན་ཀུན་ཏུ་བཟང་པོའི་མན་ངག་སྙིང་ཁར་བསྒོམ་པ།
རྔམས་མ་ཆེན་པོའི་མན་ངག་མགྲིན་པར་བསྒོམ་པ།
གདལ་ཁྱབ་ཆེན་པོའི་མན་ངག་སྤྱི་བོར་བསྒོམ་པ།
ཀུན་ཏུ་བཟང་མོའི་མན་ངག་ལྟེ་བར་བསྒོམ་པ་སོགས་ཀྱི་མན་ངག་གི་གནད་ལ་བརྟེན་ནས་ཐོག་མར་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས་གཞན་ལུས་ཕྱག་རྒྱའི་རྣལ་འབྱོར་ལ་བརྟེན་ཏེ་ཐབས་ལས་བྱུང་བའི་གྲོལ་ལམ་གྱི་ཡེ་ཤེས་མངོན་དུ་བྱེད་པ་དེ་རེད།
དེ་བཞིན་དུ་རྒྱུད་སྡེ་གཞན་དུ། དཔེར་ན། དུས་ཀྱི་འཁོར་ལོའི་སྐབས་ན་ཡང་སོར་སྡུད་དང༌།
བསམ་གཏན། རྗེས་དྲན།
ཏིང་འཛིན་ལ་སོགས་པ་རིམ་བཞིན་བསྒོམ་སྟེ་མཐར་ཉི་ཁྲི་ཆིག་སྟོང་གི་རྒྱུ་བ་དབྱིངས་སུ་འགག་ཅིང་རོ་རྐྱང་གི་མདུད་པ་ཉེར་གཅིག་རང་སར་གྲོལ་ནས་འབྲས་བུ་མཐར་ཐུག་པའི་ཡེ་ཤེས་མངོན་དུ་བྱེད་པ་ལྟ་བུ་རེད།
དེ་ལྟར་ཐབས་ཀྱི་ལམ་ཟུར་བ་ལ་བརྟེན་ནས་གྲོལ་བའི་ཡེ་ཤེས་མངོན་དུ་བྱེད་པ་ལ་ཐབས་ལམ་ཟེར་བ་ཡིན།
ཐབས་ལམ་འདིར་རྩོལ་བཅས་རྩོལ་མེད་གཉིས་ཡོད་པའི་རྩོལ་བཅས་ཞུས་མ་ཐག་པ་ལྟར་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ཀྱི་ལམ་དེ་དག་ཡིན།
རྩོལ་མེད་ཉེ་ལམ་རྫོགས་པ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་བཞུགས་སྟངས་དང་གཟིགས་སྟངས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ཡེ་ཤེས་མངོན་སུམ་དུ་འཆར་བར་བྱེད་པ་ལ་ཟེར།
གྲོལ་ལམ་གྱི་གོ་དོན་ནི།
གཙོ་བོ་སྐྱེ་མེད་སྟོང་པ་ཉིད་ཉམས་སུ་ལེན་པ་ལ་བརྟེན་ནས་ཐབས་ཀྱི་མན་ངག་ཟུར་བ་གཞན་མི་དགོས་པར་རང་རྐང་གིས་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱེད་པ་ལ་ཟེར་བ་ཡིན།
འདི་ལ་སྤྱི་རིགས་ནས་བསམ་ན།
དམ་ཆོས་ཕྱག་རྒྱ་ཆེན་པོ་དང༌། སྤྲོས་བྲལ་དབུ་མ་ཆེན་པ།
འོད་གསལ་རྫོགས་པ་ཆེན་པོ་སྟེ་ཆེན་པོ་གསུམ་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཚུལ་མཐའ་དག་ཕལ་ཆེ་བ་གྲོལ་ལམ་འདིའི་ཁོངས་སུ་གཏོགས།
འོ་ན་ཆེན་པོ་གསུམ་ལ་ཁྱད་པར་ཡོད་དམ་ཞེ་ན།
ཡུལ་ཆོས་ཉིད་རང་གི་ངོ་བོས་ཁྱད་པར་ཅུང་ཟད་ཀྱང་མེད་དེ།
བླ་མ་རིན་པོ་ཆེ་མི་ཕམ་ཚང་གིས། འོད་གསལ་རྫོགས་པ་ཆེན་པོ་དང༌།
། སྤྲོས་བྲལ་དབུ་མ་ཆེན་པོ་གཉིས།
། དོན་གཅིག་མིང་གི་རྣམ་གྲངས་ཏེ།
།དེ་ལས་ལྷག་པའི་ལྟ་བ་མེད།
།
གང་ཕྱིར་དེ་ལས་གཞན་གྱུར་ན། ། སྤྲོས་དང་བཅས་པ་ཉིད་དུ་འགྱུར།
། ཞེས་གསུངས་ཏེ།
དབུ་མ་རྩ་ཤེས་ཀྱི་སྐབས་ནས་འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡོད་མེད་ཡིན་མིན་གྱི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གཏན་ལ་འབེབས་པ་ཡིན་ན་རྫོགས་ཆེན་དང་ཕྱག་ཆེན་ལ་ཡང་ལྟ་བའི་ངོ་བོ་གཏན་ལ་འབེབས་པ་ལ་དེ་ལས་ལྷག་པ་མེད་དོ། ། སྤྱིར་མཉམ་རྗེས་གཉིས་ལས་མཉམ་བཞག་ལ་ཡང་ལྟ་བ་ཞེས་ཐ་སྙད་འདོགས་ཀྱང་གཙོ་ཆེར་རྗེས་ཐོབ་དུ་གནས་ཚུལ་དང་མཐུན་པའི་བློའི་ངེས་ཤེས་ཁྱད་པར་ཅན་གྱི་སྟེང་ནས་འཇོག་དགོས་པས་ཐེག་རིམ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེའོ།
། ༼སྤྲོས་བྲལ་དབུ་མ་ཆེན་པོ་ནི།༽འདི་ལྟར་རང་ལམ་ནས་གཞི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཐའ་ཀུན་དང་བྲལ་བར་གཏན་ཚིགས་ཀྱི་སྒོ་ནས་གཏན་ལ་འབེབས་སོ།
།
དེ་ཡང་སྣང་ཚུལ་དུ་རྒྱུ་ལས་འབྲས་བུ་འབྱུང་བ་བསླུ་མེད་སྙོན་མེད་ཡིན་ཀྱང་རིགས་པས་དཔྱད་ན་ཡོད་མེད་གང་གིས་ཀྱང་སྐྱེ་བ་མི་འགྲུབ་པས་སྨྲར་མི་གཏུབ་པ་ཙམ་ལས་ངེས་པ་གཏིང་ནས་འདྲོངས་པ་ཞིག་མེད་པས་གཏན་ཚིགས་ཀྱི་གོ་བའམ།
ཐོས་བསམ་གྱི་ལྟ་བའམ། གོ་བ་ཡུལ་ཐོག་ཏུ་ཤོར་ཟེར་བ་དེ་རེད།
བསྒོམ་པའི་སྐབས་སུ་དབུ་མ་ཐམས་ཅད་ཀྱི་གནད་བསྡུས་པ་སློབ་དཔོན་བྷ་བྱས་མཛད་པ་ལས།
བློ་གང་དུའང་མ་འཛིན།
ཡུལ་གང་ལའང་མི་སེམས་པར་རང་བབས་སུ་ཞོག་ཅིག ཅེས་དང༌།
སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་ཡང་མ་སེམས་ཅིར་ཡང་མ་འཛིན་ཅིག
།བཅས་བཅོས་མ་བྱེད་རང་བབས་ལྷུག་པོར་ཞོག །
མ་བཅོས་པ་དེ་སྐུ་ཡི་མངོན་སུམ་མཛད།
།དུས་གསུམ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན།
། ཞེས་གསུངས་པ་ལགས་མོད་དབུ་མའི་ལྟ་བ་དེ་ཙམ་ལས་ངོ་མི་འཕྲོད་པའི་དབང་དུ་བཏང་ན་འབད་རྩོལ་དང་བཅས་པའི་སྒོ་ནས་བསྒོམ་ཡུན་བསྐྱང་ཞིང་བསྐལ་ཆེན་གྲངས་མེད་གཅིག་ལ་ཚོགས་བསགས་སྒྲིབ་པ་སྦྱངས་པའི་རྗེས་སུ་ད་གཟོད་མ་བཅོས་རང་བབས་ཀྱི་སྒོམ་རྒྱུད་ལ་སྐྱེས་ནས་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་རྟོགས་པ་ཡོན་ནོ།
།
༼དམ་ཆོས་ཕྱག་རྒྱ་ཆེན་པོ་ནི།༽བཞག་ཐབས་ཀྱི་མན་ངག་ཁྱད་པར་ཅན་ལ་བརྟེན་ནས་ཆོས་ཉིད་ཀྱི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པ་ཡིན་ཏེ།
ཁྱོད་ཀྱི་སེམས་འདི་མ་བཅོས་རང་བབས་སུ་ཞོག་དང༌།
ཅི་ཡང་མི་བསམ་པར་བསྡད་ན་གནས་པ་ཡིན།
ཡས་བསམ་མས་བསམ་བྱེད་འདུག་ན་འགྱུ་བ་ཡིན།
གནས་ན་གནས་པ་དེ་ངོ་ཤེས་སུ་ཆུག
འགྱུ་ན་འགྱུ་བ་དེ་ངོ་ཤེས་སུ་ཆུག་དང་དེ་ལ་རིག་པ་ཟེར་བ་ཡིན།
གཙོ་བོ་རིག་པའི་ངར་འདི་བཏོན་ན་ནམ་ཞིག་རྩེ་གཅིག་པའི་ཏིང་འཛིན་སོགས་རིམ་བཞིན་བསྒྲོད་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེ་ཡོང་བར་གསུངས་སོ།
།
དེས་ན་སེམས་ཀྱི་གསེང་ནས་ཡེ་ཤེས་འཚོལ་བའི་ཐབས་དབུ་མ་ཆེན་པོར་བཤད་པ་མེད་པས་ཕྱག་རྒྱ་ཆེན་པོ་དེ་ལས་ཁྱད་པར་དུ་འཕགས་སོ།
། འོ་ན་ཕྱག་ཆེན་ལས་རྫོགས་ཆེན་འཕགས་ནུས་སམ་སྙམ་ན། ཕྱག་ཆེན་པས།
ཇི་ལྟར་བཤད་ཀྱང་སེམས་ལམ་དུ་བྱེད་པ་ལས་མི་འདའ།
རྫོགས་པ་ཆེན་པོར། ཇི་སྐད་དུ། སེམས་དང་ཡེ་ཤེས་གཉིས་པོ་ནི། ། གསལ་རིག་ཙམ་དུ་འདྲ་ན་ཡང༌།
།ཡིད་དཔྱོད་འབྲང་ལས་ཞེན་པ་དང༌།
། མི་རྟོག་རང་ངོ་ཤེས་པས་དབྱེ།
།
ཞེས་པ་ལྟར་ཡིད་དཔྱོད་ཀྱི་རྗེས་སུ་འབྲང་མི་འབྲང་གཟུང་འཛིན་གྱི་ཞེན་པ་ཡོད་མེད་སོགས་དང་པོ་ནས་སེམས་དང་རིག་པ་ཤན་འབྱེད་དེ་ཕྲ་རགས་གཟུང་འཛིན་གྱི་སེམས་དང་སེམས་བྱུང་གང་ཡང་ལམ་དུ་མི་བྱེད་པ།
སེམས་གནས་པའི་ཆ་ལ་ཀུན་གཞི་ཟེར་བ་ཡིན། འཕྲོ་བ་ལ་རྣམ་རྟོག་ཟེར་བ་ཡིན།
རང་ག་བར་སེམས་ཟེར་བ་ཡིན་པས།
དེ་ལས་རིང་དུ་འདས་པ་གཟུང་འཛིན་གང་ཡང་མེད་པ་རང་གཤིས་རང་གསལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་དངུལ་ཆུ་སར་ལྷུང་ཡང་རྡུལ་གྱིས་མི་གོས་པ་ལྟར་མཐའ་བཞིའི་འཛིན་པས་མ་བསླད་པ་དེ་ཉིད་གནས་ན་ཆོས་སྐུ།
འཕྲོ་ན་ཡེ་ཤེས། རང་ཡན་རིག་པ་ཞེས་བྱ་སྟེ། མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་ལམ་དུ་བྱེད་པ་ཡིན་པས་ཁྱད་པར་དུ་འཕགས།
མ་ཟད་ཐེག་པ་རིམ་པ་བརྒྱད་གང་ན་ཡང་འདི་ལྟར་བཤད་པ་མེད་ལ་སོ་སྐྱེ་འཆིང་བ་ཀུན་ལྡན་གྱི་དུས་ནས་ཡེ་ཤེས་ལམ་དུ་བྱེད་པ་འདི་ཟབ་གསང་རྫོགས་པ་ཆེན་པོ་ཁོ་ནའི་ཁྱད་ཆོས་ཡིན།
ཟབ་དོན་ལ་སྐྲག་པའི་བློ་ཆུང་ཁ་ཅིག་སོ་སོའི་སྐྱེ་བོས་སངས་རྒྱས་ཀྱི་ཡེ་ཤེས་ལམ་དུ་བྱེད་ནུས་སམ་སྙམ་དུ་དོགས་ན།
སྐྱོན་མེད་དེ།
མདོ་ལམ་ནས་དབུ་མ་པས་ཀྱང་ད་ལྟ་སོ་སྐྱེས་ཀྱི་དུས་ནས་མཐོང་ལམ་རྣམ་པར་མི་རྟོག་པ་ལམ་དུ་བྱེད་ནུས་ན་ཟབ་ལམ་རྫོགས་པ་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་དང་རྗེས་སུ་མཐུན་པར་ལམ་དུ་བྱེད་མི་ནུས་པའི་རྒྱུ་མཚན་གང་ཡང་མེད་དོ།
།
༼འོད་གསལ་རྫོགས་པ་ཆེན་པོ་ལ༽སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་ལས་ཕྱི་སེམས་སྡེ་དང་ནང་ཀློང་སྡེ་གཉིས་ནི།
ཉམས་མྱོང་མན་ངག་དམར་ཁྲིད་ཀྱི་དབང་དུ་ན།
སེམས་ལ་སེམས་ཀྱིས་བལྟས་ཚེ་སེམས་དེ་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་དུ་འདུག་པ་དེ་ངོ་བོ་སྟོང་པ་རེད།
སྟོང་བཞིན་དུ་ཡས་བསམ་མས་བསམ་གྱི་རྟོག་པ་སྣ་ཚོགས་སུ་འཆར་བའི་སྣང་ཆ་དེ་གསལ་བ་རེད།
དེ་ནི་སེམས་ཀྱི་གསལ་བ་ཞིག་ཏུ་ངོ་སྤྲོད་པ་ལས་གསང་བ་མན་ངག་སྡེའི་སོ་སོ་རང་རིག་པ་གཟུང་འཛིན་དང་བྲལ་བའི་གསལ་བ་དང་མི་འདྲ་བར་དབུ་མ་ཆེན་པོ་སོགས་དང་ཚུལ་མཐུན་པ།
དཔེར་ན། ཞེ་སྡང་སྐྱེ་ན་ཞེ་སྡང་གི་སྣང་ཆ་དེ་གསལ་བ།
ཞེ་སྡང་གི་ངོ་བོ་མ་གྲུབ་པ་ལ་སྟོང་པ་ཟེར་བ་ཡིན།
དེ་ལྟར་ཉམས་མྱོང་གིས་རྟོགས་ཤིང་གསལ་བ་རྩལ་དུ་འདོན་པ་སེམས་སྡེ་དང༌།
སྟོང་པ་རྩལ་དུ་འདོན་པ་ཀློང་སྡེ་སྟེ།
དེ་གཉིས་ལ་རིམ་བཞིན་རྟག་ཆད་ཀྱི་གོལ་ས་འབྱུང་ཉེ་བ་ཙམ་མོ། །
དེ་ཡང་བླ་མ་མི་ཕམ་རིན་པོ་ཆེས་ངེས་ཤེས་སྒྲོན་མེ་ལས།
རྫོགས་ཆེན་སེམས་སྡེའི་མན་ངག་རེར། ། མཁས་གྲུབ་སོ་སོའི་ཉམས་བཞེས་པར།
།
ཕྱག་ཆེན་ལམ་འབྲས་ཞི་བྱེད་དང༌། །ཟུང་འཇུག་དབུ་མ་ཆེན་པོ་སོགས།
། མཚན་གྱི་རྣམ་གྲངས་སོ་སོར་གྲགས།
།
ཞེས་གསུངས་པ་ལྟར་འགྲོ་མགོན་བཀའ་བརྒྱུད་པའི་ཕྱག་ཆེན་ན་རོའི་ཆོས་དྲུག་དང༌།
དཔལ་ལྡན་ས་སྐྱའི་ཀྱཻ་རྡོ་རྗེའི་ལམ་འབྲས་བུ་དང་བཅས་པ།
ཇོ་ནང་པའི་དུས་འཁོར་རྫོགས་རིམ་སྦྱོར་བ་དྲུག་གི་ཉམས་ལེན།
དགེ་ལྡན་པའི་དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ཉམས་ལེན་ལ་སོགས་པ་རྫོགས་ཆེན་སེམས་སྡེར་མཐུན་ཀྱང་མན་ངག་ཆ་ཚང་བ་མེད་པས་མན་ངག་ཐོར་བུའི་ཉམས་ལེན་ཙམ་དུ་གསུངས་སོ།
།གསར་རྙིང་གི་རྒྱུད་སྡེ་རྣམས་ཀྱི་ལམ་མྱུར་བུལ་ལ་བསམ་ན་ཡང༌།
ཕྱི་འགྱུར་གསར་མའི་རྒྱུད་སྡེ་གསང་འདུས་ལ་མཚོན་ན་སྒྲོན་གསལ་དང་གསལ་སྒྲོན་སོགས་ཀྱི་སྐབས་ནས་འབྱུང་བ་ལྟར་ཚེ་གཅིག་ལུས་གཉིས་ཀྱིས་འཚང་རྒྱ་བར་གསུངས།
སྔ་འགྱུར་སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་མཚོན་ན་ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བསྒྲོད་པས་ཁྱད་པར་ཡོད།
ཐུན་མིན་རྫོགས་ཆེན་ལྟར་ན། རིག་འཛིན་དགའ་རབ་རྡོ་རྗེས།
ཆོས་འདི་ཐོས་པ་ཙམ་གྱིས་ནི། ། སྐྱེ་བ་བདུན་ལས་མི་ཐོགས་གྲོལ།
། ཞེས་གསུངས་པ་ལྟར།
ཆོས་འདི་ཐོས་པ་ཙམ་གྱིས་ཇི་ལྟར་ལས་དམན་ཡང་སྐྱེ་བ་བདུན་ལས་མི་འགྱང་བར་གྲོལ་བར་འགྱུར་བ་དང༌།
གལ་ཏེ་གསང་སྔགས་རྫོགས་ཆེན་གྱི་དབང་རེ་ཐོབ།
ཆོས་འདིར་གོ་ཐོས་རེ་ཡོད་པ་ལས་ཉམས་སུ་ལེན་ལོང་མེད་ཀྱང་བླ་མ་དང་ཆོས་ལ་འགལ་བ་དང་སེལ་མ་ཞུགས་ན་ཚེ་འདིའམ་ཆོས་ཉིད་བར་དོ་གང་རུང་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའང་ཡོད།
ཉམས་ལེན་ལ་བརྩོན་ན་ལྕེ་བཙུན་གྱི་ཁྲིད་ཡིག་ལས་ཟླ་དྲུག་གིས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་གསུངས་ཤིང་ཐ་ན་ཡང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་གདོན་མི་ཟ།
རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་ཙམ་གྱིས་ཞག་བདུན་བསྒོམ་ན་ལས་རླུང་གི་འཕྲུལ་འཁོར་གློད་པར་ཡང་གསུངས།
དཔལ་སྤྲུལ་རིན་པོ་ཆེས། འཆར་ལུགས་སྔར་དང་འདྲ་བ་ལ། ། གྲོལ་ལུགས་ཁྱད་པར་གནད་དུ་ཆེ།
། ཞེས་དང་བླ་མ་རིན་པོ་ཆེས།
ཡོད་ཅིག་ཡོད་མོད་དེ་ད་ལྟའི་འདི་འདྲའི། །
ཧྲག་ཧྲག་རྩུབ་རྩུབ་ཅིག་ཡིན་ཚོད་མི་སྣང༌། ། འཁྱགས་རོམ་ཆུ་བོ་ལ་ཞི་བ་ཇི་བཞིན།
།འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ༌། ། ཞེས་དང༌། རོང་ཟོམ་ཆེན་པོས།
བྱང་ཆུབ་སེམས་ཀྱི་དྲོད་ཐོབ་པ་ཡིན་ཞེས་སོགས་གསུངས་པའི་དགོངས་པ་གནད་གཅིག་ཏུ་འབབ་པོ།
།
ཆོས་འདི་ཉམས་སུ་ལེན་པ་ལ་ཐོག་མར་རྣམ་བྱང་གི་དབང་པོ་ལྔ་དང་ཁྱད་པར་དུ་ཆོས་དང་བླ་མ་ལ་ཕྱིར་མི་ལྡོག་པའི་དད་པ་དང་ལྡན་ན་ཆོས་དང་བླ་མའི་བྱིན་རླབས་ཀྱིས་མི་རྟོགས་མི་སྲིད།
རྟོགས་ནས་མི་གྲོལ་བ་མི་སྲིད།
དད་པ་མེད་ན་རང་གི་ལེ་ལན་ཡིན་པས་གཟབ་དགོས།
ད་
ཐེངས་ངས་ཆོས་འདི་བཤད་པའི་དགོས་དོན་ཡང་ཚོགས་པ་འདི་འདྲའི་མང་པོ་ཞིག་ལ་རྫོགས་ཆེན་གྱི་དོན་རྣལ་མར་ངེས་པ་འདྲོང་བ་དཀའ་ཡང་ཆོས་འདིར་མོས་པ་ཁྱད་པར་ཅན་རེ་སྐྱེས་ན་དེས་ཀྱང་ཆོག་པ་འདུག་ཅེས་གསུངས་སོ།
།
加载中,请稍候......